29/08/2024
༄༅། །རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་བཀའ་དགོངས་བཞིན། གྲྭ་ཚང་སོ་སོའི་དཔེ་ཁྲིད་རྒན་རྣམས་ནས་རང་ཁོངས་དགེ་ཚུལ་སློང་རྣམས་ལ་དགེ་ཚུལ་གྱི་བསླབ་བྱ་གནམ་རྩེ་ལྡེང་མ་དང་། དགེ་སློང་གི་བསླབ་བྱ་ཐུབ་དབང་ཞལ་ལུང་གཉིས་ཀྱི་ཐོག་ནས་སློབ་ཁྲིད་དང་། བཀའ་སློབ་ལམ་སྟོན་གནང་དགོས་ཞེས་བཀའ་ཕེབས་དོན་ལྟར། རྭ་སྟོད་གྲྭ་ཚང་དུ་དབྱར་གནས་སྐབས་དགེ་ཚུལ་སློང་གི་བསླབ་བྱ་སོགས་སློབ་ཁྲིད་བྱེད་བཞིན་ཡོད་པ་ལས། འདི་ལོ་ཡང་གྲྭ་ཚང་གི་ཤེས་ཡོན་ཚོགས་ཆུང་གིས་གོ་སྒྲིག་ཞུས་ཏེ།
༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་། དཔེ་ཁྲིད་རྒན་དགེ་བཤེས་བྱམས་པ་སྨོན་ལམ་རྣམ་གཉིས་ནས་དགེ་སློང་རྣམས་ལ་འདུལ་བ་མདོ་རྩ་བ་དང་། ༸གོང་ས་མཆོག་གི་གསུང་དགེ་སློང་གི་བསླབ་བྱ་ཐུབ་དབང་ཞལ་ལུང་བཅས་ཀྱི་ཐོག་ནས་སློབ་ཁྲིད་སྟེ། དགེ་བཤེས་བསོད་ནམས་བསྟན་འཕེལ་དང་། དགེ་བཤེས་བློ་བཟང་བསྟན་འཛིན། དགེ་བཤེས་བཀྲ་ཤིས་ཚེ་རིང་གསུམ་གྱིས་དགེ་ཚུལ་གྱི་བསླབ་བྱ་གནམ་རྩེ་ལྡེང་མ་ཐོག་ནས་དགེ་ཚུལ་རྣམས་ལ་སློབ་ཁྲིད་གནང་བའི་སྐབས་ཀྱི་བརྙན་ཐུང་ཞིག་ཡིན།།