DOLPA BOYZ

DOLPA BOYZ Be a good person for other living beings not for yourself.

གཉིས་པ་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ།༡)) སེམས་ཙམ་པ།ཀུན་མཁྱེན་ཇིགས་མེད་གླིང་པས།      གཟུང་འཛིན་གཉིས་སུ་སྣང་བའི་ཡུལ་ཡུལ་ཅན། །...
29/12/2024

གཉིས་པ་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ།

༡)) སེམས་ཙམ་པ།

ཀུན་མཁྱེན་ཇིགས་མེད་གླིང་པས།
གཟུང་འཛིན་གཉིས་སུ་སྣང་བའི་ཡུལ་ཡུལ་ཅན། །
ཀུན་རྫོབ་བདེན་པ་ཉིད་དེ་གང་ལས་གཞན།།
གཉིས་མེད་ཤེས་པ་དོན་དམ་བདེན་པ་རུ།།
འདོད་པ་སེམས་ཙམ་པ་ཡི་གྲུབ་པའི་མཐའ།།

མཁན་ཆེན་ཡོན་ཏན་རྒྱ་མཚོའི་ཡོན་ཏན་རིན་པོ་ཆེའི་མཛོད་འགྲེལ་ལས།
ཕྱི་དོན་མི་འདོད་ཅིང་རང་རིག་བདེན་གྲུབ་ཏུ་ཁས་ལེན་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་སེམས་ཙམཔའིམཚན་ཉིད་ཡིན་ལ།

ཞེལ་པ་ལྟར་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་གང་ཞིག་ གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་དོན་དམ་པར་ཁས་ལེན་པ་སེམས་ཙམ་པའི་གྲུབ་མཐའ་སྨྲ་བའི་མཚན་ཉིད།

དབྱེ་ན

ཡང་དེ་ཉིད་ལས།
༡ སོ་སོ་སྐྱེ་བོའི་རྒྱུད་ཀྱི་དབང་པོའི་མངོན་སུམ་ལ་སྣང་བའི་གཟུགས་སོགས་རགས་པར་སྣང་བ་འདི་དག་སྣང་བ་ལྟར་ཕྱི་དོན་དུ་མ་གྲུབ་ཀྱང་སེམས་སུ་བདེན་པར་འདོད་པ((་རྣམ་བདེན་པ་དང་། ))
༢ དེ་འདྲའི་རྣམ་པ་དེ་ཕྱི་དོན་དུའང་མ་གྲུབ་ནང་སེམས་སུ་ཡང་མ་གྲུབ་པར་མེད་སྣང་དུ་འདོད་པ་((རྣམ་རྫུན་པ་གཉིས།)) ཞེས་པ་ལྟར་རོ།


སེམས་ཙམ་པའི་བདེན་གཉིས་འདོད་ཚུལ།

མངོན་པ་ཀུན་བཏུས་ལས།
གང་ལ་དམིགས་ནས་ཀུན་ནས་ཉོན་མོངས་འཕེལ་བར་གྱུར་བའི་དམིགས་པ་ནི་ཀུན་རྫོབ་ཏུ་ཡོད་པའོ། །
གང་ལ་དམིགས་ནས་རྣམ་པར་བྱང་བ་འཕེལ་བར་ འགྱུར་བའི་དམིགས་པ་ནི་དོན་དམ་ཡོད་པའོ། །

ཞེས་གསུངས་པ་ལྟར་གང་ལ་དངོས་སུ་དམིགས་ན་ཀུན་ནས་ཉོན་མོངས་པ་རྒྱུས་སུ་རུང་བའི་ཆོས་ཀུན་རྫོབ་བདེན་པའི་མཚན་ཉིད།
མཚན་གཞི་ནི་བུམ་པ་ལྟ་བུའོ།

གང་ལ་དངོས་སུ་དམིགས་ནས་རྣམ་པར་སྦྱང་བའི་ཆོས་རྒྱས་སུ་རུང་བའི་གཞིར་གྱུར་པ་དོན་དམ་བདེན་པའི་མཚན་ཉིད།
མཚན་གཞི་ནི་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་ལྟ་བུ།

((གཉིས་པ་དབུ་མ་པའི་གྲུབ་མཐའ་བཤད་པ་ནི།))

ཀུན་མཁྱེན་འཇིགས་མེད་གླིང་པས།::
ཇི་ལྟར་སྣང་བ་ཐམས་ཅད་ཀུན་རྫོབ་ཏུ། །
གྲུབ་པ་སྒྱུ་མ་ལྟ་བུའི་མཚན་ཉིད་དེ།།
དོན་དམ་གྲུབ་པ་མེད་པ་ནམ་མཁའ་ལྟར།།
འདོད་པ་དབུ་མ་རང་རྒྱུད་པ་ཡི་ལུགས།།

མཁན་པོ་ཡོན་ཏན་རྒྱ་མཚོའི་ཡོན་ཏན་རིན་པོ་ཆེའི་མཛོད་འགྲེལ་ལས།::
གཟུང་འཛིན་གཉིས་ཀ་དོན་དམ་པར་མ་གྲུབ་པར་རྟོགས་ནས་ཕྱི་ དོན་རང་རིག་གཉིས་ཀ་བདེན་གྲུབ་ཏུ་མི་འདོད་པའི་ཐེག་ཆེན་གྱི་ གྲུབ་མཐའ་འཛིན་པའི་གང་ཟག་དེ་དབུ་མ་པའི་ མཚན་ཉིད།

དབྱེ་ན།
ཚུལ་གསུམ་རང་ངོས་ནས་གྲུབ་པའི་རྟགས་ཡང་དག་ལ་བརྟེན་ ནས་བདེན་དངོས་འགོག་པར་བྱེད་པ་རང་རྒྱུད་པ་དང།

ཐལ་འགྱུར་ཙམ་གྱིས་ཕྱིར་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་ དཔག་སྐྱེ་བར་འདོད་པ་ཐལ་འགྱུར་བ་གཉིས་སོ། ཞེས་གསུངས་ཞིང།

ཡང་ཀུ་མཁྱེན་མི་ཕམ་རིན་པོ ཆེའི་དབུ་མ་རྒྱན་འགྲེལ་ལས།::
དེས་ན་རྣམ་གྲངས་པའི་དོན་དམ་ཁས་ལེན་དང་བཅས་པ་དེ་རྩལ་དུ་བཏོན་ནས་འཆད་པ་རང་རྒྱུད་པའི་མཚན་ཉིད་ཡིན་ལ། རྣམ་གྲངས་མ་ཡིན་པའི་དོན་དམ་ཁས་ལེན་ཀུན་བྲལ་རྩལ་དུ་བཏོན་ནས་འཆད་པ་ཐལ་འགྱུར་བ་ཡིན་པ་ཤེས་པར་བྱའོ།

{ དབུ་མའི་ལུགས་ཀྱི་བདེན་གཉིས་འདོད་ཚུལ། }

དེ་ལའང་གཉིས་ཏེ།
༡ དབུ་མ་རང་རྒྱུད་པའི་བདེན་གཉིས་འདོད་ཚུལ།
༢ དབུ་མ་ཐལ་འགྱུར་བའི་བདེན་འདོད་ཚུལ།

༡] དང་པོ་རང་རྒྱུད་པའི་བདེན་གཉིས་འདོད་ཚུལ།

གྲུབ་མཐའ་རིན་པོ་ཆེའི་མཛོད་ལས།

དབུ་མ་རང་རྒྱུད་པའི་ལུགས་ལ།
ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ནི། ཆོས་ཅན་གང་ཞིག་རིགས་པས་དཔྱད་མི་བཟོད་པ། ཞེས་སོ།

དེ་ལ་དབྱེ་ན།
བདེན་གཉིས་ལས།
སྣང་དུ་འདྲ་ཡང་དོན་བྱེད་དག །
ནུས་པའི་ཕྱིར་དང་མི་ནུས་ཕྱིར།
ཡང་དག་ཡང་དག་མ་ཡིན་ཏེ། །
ཀུན་རྫོབ་ཀྱི་ནི་དབྱེ་བའང་བྱས། །ཞེས་གསུངས་པ་ལྟར།

གྲུབ་མཐའ་མཛོད་ལས། དཔྱད་མི་བཟོད་པའི་ཤེས་བྱ་དོན་བྱེད་ནུས་པ་ཡང་དག་པའི་ཀུན་རྫོབ་ཀྱི་མཚན་ཉིད་ཡིད་ལ།
དཔྱད་མི་བཟོད་པའི་ཤེས་བྱ་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །

1 ཡང་དག་ཀུན་རྫོབ་དང། དཔེར་ན་བུམ་པ་ལྟ་བུ།
2 ལོག་པའི་ཀུན་རྫོབ་། དཔེར་ན་ནམ་མཁའ་ལྟ་བུའོ།

གྲུབ་མཐའ་མཛོད་ལས།
དོན་དམ་བདེན་པའི་མཚན་ཉིད། གང་ཞིག་རིགས་པས་དཔྱད་བཟོད་པའོ། །ཞེས་གསུངས་པ་ལྟར་རོ།

དབྱེ་ན།

དབུ་མ་རྒྱན་ལས་།
དམ་པའི་དོན་དང་མཐུན་པའི་ཕྱིར།
དེ་ནི་དམ་པའི་དོན་ཞེས་བྱ་།

ཞེས་དང་ཀུན་མཁྱེན་ཆེན་པོའི་དབུ་མ་རྒྱན་འགྲེལ་ལས།
དོན་དམ་ལ་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པ་གཉིས་སུ་ཕྱེ་བ། ཞེས་གསུངས་པ་ལྟར།
1 མཐའ་དང་པོ་ཙམ་བཀག་པའི་སྟོང་ཉིད་མེད་དགག་རྣམ་གྲངས་པའི་དོན་དམ་བདེན་པ་དང།
དཔེར་ན་གང་ཟག་བདག་མེད་ལྟ་བུ།

2 སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་མཐར་ཐུག་གི་གནས་ལུགས་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ།
དཔེར་ན། བུམ་པའི་སྟེང་གི་ཆོས་ཉིད་ལྟ་བུ།

[ གཉིས་པ་དབུ་མ་ཐལ་འགྱུར་བའི་བདེན་གཉིས་འདོད་ཚུལ། ]

ཀློང་ཆེན་པས་་གྲུབ་མཐའ་མཛོད་ལས།
ཀུན་རྫོབ་ཀྱི་མཚན་ཉིད། གཟུང་འཛིན་སྤྲོས་པ་དང་བཅས་པའི་རྣམ་པར་སྣང་བ། དེ་ཡང་སྒྲིབ་པའི་རྣམ་པར་སྐྱེས་པ་སྟེ།

ཞེས་དང་ཡང་དེ་ཉིད་ལས།
གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །
དེ་གང་བཅོས་མ་བདེན་པར་སྣང་དེ་ནི། །
ཀུན་རྫོབ་བདེན་ཞེས་ཐུབ་པས་དེ་གསུངས་སོ། །
ཞེས་སོ་ཞེས་དང།

ཡང་དེ་ཉིད་ལས། དེའང་བློ་འཁྲུལ་བའི་ངོ་ནཤེས་བྱ་སྣ་ཚོགས་སུ་སྣང་བ་ཀུན་རྫོབ་ལ། ཞེས་གསུངས་སོ།

དབྱེ་ན།

༡ ཡང་དག་ཀུན་རྫོབ་། བུམ་པ་ལྟ་བུ།
༢ ལོག་པའི་ཀུན་རྫོབ་། རྟག་པ་རྣམས།

དབྱེ་ན་དེ་དག་གི་མཚན་ཉིད་ནི་གོངརང་རྒྱུད་པར་་བཀོད་པ་དེ་དང་མཚུངས་སོ།

གྲུབ་མཐའ་རིན་པོ་ཆེའི་མཛོད་ལས།
དོན་དམ་བདེན་པའི་མཚན་ཉིད་ནི། གཟུང་འཛིན་སྤྲོས་པ་དང་བྲལ་བའི་ངོ་བོ་སྟེ།
ཞེས་དང་། བློ་མ་ཁྲུལ་བའི་ངོ་བོར་ཅི་ཡང་བསམ་བརྗོད་ལས་འདས་པར་གནས་པ་ནི་དོན་དམ་ཞེས་གསུངས་ཏེ། ཞེས་པ་ལྟར་རོ།

དེ་ལ་རྣམ་གྲངས་མ་ཡིན་པ་ལས་གཞན་མེད་པས་རང་རྒྱུད་པ་བཞིན་དོན་དམ་བདེན་པ་ལ་དབྱེ་བ་མི་བཞེད་དོ།

{ཐེག་དམན་གྱི་གྲུ་མཐའ་གཉིས་ཀྱི་མཚན་ཉིད་དང་དེ་དག་གི་                      བདེན་གཉིས་འདོད་ཚུལ}དེ་ཡང་མདོ་སྡེ་ལང་ཀར་གཤེགས་པ་ན...
08/12/2024

{ཐེག་དམན་གྱི་གྲུ་མཐའ་གཉིས་ཀྱི་མཚན་ཉིད་དང་དེ་དག་གི་ བདེན་གཉིས་འདོད་ཚུལ}

དེ་ཡང་མདོ་སྡེ་ལང་ཀར་གཤེགས་པ་ནས།
ང་ཡི་ཆོས་ཚུལ་རྣམ་གཉིས་ཏེ། །
བསྟན་པ་དང་ནི་གྲུབ་མཐའ་འོ།།
བྱིས་པ་རྣམས་ལ་བསྟན་པ་བཤད། །
རྣལ་འབྱོར་པ་ལ་གྲུབ་མཐའ་འོ།།

ཞེས་གསུངས་པ་ལྟར་བསྟན་པ་དང་གྲུབ་མཐའ་གཉིས་ཡོད་ཅིངའདིར་ཏོག་ཙམ་གྲུབ་མཐའི་སྐོར་བཤད་པ་ལ།

( གྲུབ་མཐའི་མཚན་ཉིད་ནི། )
ལུང་རིགས་ཀྱིས་བརྟགས་ཤིང་དཔྱད་དེ་ངེས་ཤེས་ཀྱིས་མཐའ་གཅིག་ཏུ་འཇོག་མཚམས་བྱས་པའི་དོན་དེ་ཡིན།

(སྤྱིར་གྲུབ་མཐའ་སྨྲ་བ་ལ་དབྱེ་ན།)
༡ ཕྱི་རོལ་པའི་གྲུབ་མཐའ་དང་།
༢ ནང་པའི་གྲུབ་མཐའ་གཉིས།
མཆོག་གསུམ་སྐྱབས་སུ་འཛིན་ཅིང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ་ནང་པའི་གྲུབ་མཐའི་མཚན་ཉིད།

མཆོག་གསུམ་ལས་གཞན་སྐྱབས་སུ་འཛིན་ཅིང་རྟག་ཆད་ཀྱི་མཐའ་གང་རུང་ཁས་ལེན་པ་ཕྱི་རོལ་པའི་གྲུབ་མཐའི་མཚན་ཉིད།

(ནང་པའི་གྲུབ་མཐའ་ལ་དབྱེ་ན་བཞི་སྟེ།)

རྡོ་རྗེ་སྙིང་འགྲེལ་ལས།
སངས་རྒྱས་པ་ལ་གྲུབ་མཐའ་བཞི། །
ལྔ་པ་ཐུབ་པའི་དགོངས་པ་མིན། །

ཞེས་དང་མཁས་འཇུག་སྡོམ་བྱང་ལས།
བྱེ་བྲག་སྨྲ་དང་མདོ་སྡེ་པ།།
སེམས་ཙམ་དབུ་མ་གྲུབ་མཐའ་བཞི།།

ཞེས་གསུངས་པ་ལྟར་དེ་ལ་བཞི་སྟེ།
༡ བྱེ་བྲག་སྨྲ་བ།
་ ༢ མདོ་སྡེ་པ
༣ སེམས་ཙམ་པ།
༤ དབུ་མ་པ།


[ དང་པོ་ཐེག་དམན་གྱི་གྲུབ་མཐའ་གཉིས། ]

དང་པོ་བྱེ་བྲག་མ་སྨྲ་བ།

ཀུན་མཁྱེན་འཇིགས་མེད་གླིང་པས།=
ཤེས་པའི་དོན་དམ་བློ་ཡིས་དཔྱད་པ་དང༌། །
དངོས་པོའི་དོན་དམ་ཐོ་བས་བཅོམ་པ་ཡི།།
རྡུལ་ཕྲན་ཆ་མེད་ཉན་ཐོས་སྡེ་པའི་ལུགས།།
ཞེས་གསུངས་པ་ལྟར།

(མཁན་པོ་ཡོན་ཏན་རྒྱ་མཚོའི་ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་བདེན་གཉིས་གསལ་བྱེད་ཟླ་བའི་སྒྲོན་མེ་ལས།)=
བདེན་པར་ཞེན་པས་ཕྱི་དོན་འདོད་ཅིང་རང་རིག་ཐ་སྙད་དུའང་ཁས་མི་ལེན་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་ནི་བྱེ་བྲག་སྨྲ་བའི་མཚན་ཉིད་དེ།

ཞེ་གསུངས་པ་ལྟརཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་གང་ཞིག་རང་རིག་ཁས་མི་ལེན་པ་བྱེ་བྲག་སྨྲ་བའི་མཚན་ཉིད།

དེ་ལ་དབྱེ་ན།
ཁ་ཆེ་དང༌། ཉི་འོག ཡུལ་དབུས་ཀྱི་བྱེ་བྲག་ཏུ་སྨྲ་བ་གསུམ་ཡོད།

བྱེ་བྲག་སྨྲ་བའི་བདེན་གཉིས་ཀྱི་རྣམ་གཞག་ལ།

སློབ་དཔོན་དབྱིག་གཉེན་གྱིས་མཛོད་ལས།
གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །
བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །
ཞེས་དང།

དབུ་༼མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།
དེ་ལས་དོན་སྨྲ་སྡེ་གཉིས་པོ་ལ་བྱེ་བྲག་འདོད་ཚུལ་མི་འདྲ་བ་ཡོད་ཀྱང་། དོན་དུ་འདི་ལྟར་འདོད་དེ་བཅོམ་ཞིང་ཆ་བསལ་བར་གྱུར་ན་རང་འཛིན་གྱི་བློ་འདོར་དུ་རུང་བའི་རགས་པ་རྣམས་ཀུན་རྫོབ། མི་འདོར་བ་ཤེས་པ་སྐད་ཅིག་ཆ་མེད་ཙམ་དང༌། བེམ་པོ་རྡུལ་ཕྲན་ཆ་མེད་ཙམ་དོན་དམ་དུ་ཡོད་དགོས་ཏེ། ཞེས་པ་ལྟར།

ཀུན་རྫོབ་བདེན་པའི་མཚན་ཉིད།
བཅོམ་པའམ་བློས་གཞན་བསལ་བར་གྱུར་ན་རང་འཛིན་གྱི་བློ་དོར་དུ་རུང་བའི་རགས་པ་ཀུན་རྫོབ་བདེན་པའི་མཚན་ཉིད།

དབྱེ་ན།
༡ ཀུན་རྫོབ་གཞན་ལ་བརྟེན་པ་དང། དཔེར་ན་བུམ་ཆུ་ལྟ་བུ་དང་པོ་དང།
༢ རྫས་གཞན་ལ་བརྟེན་པའི་ཀུན་རྫོབ་གཉིས། དཔེར་ན་བུམ་པ་ལྟ་བུ།

དོན་དམ་བདེན་པའི་མཚན་ཉིད།
བཅོམ་པའམ་བློས་གཞན་བསལ་བར་གྱུར་ན་རང་འཛིན་གྱི་བློ་དོར་དུ་མི་རུང་བའི་ཆོས་དོན་དམ་བདེན་པའི་མཚན་ཉིད། དཔེར་ན་ཆ་མེད་གཉིས་ལྟ་བུ།


གཉིས་པ་མདོ་སྡེ་པ།

ཀུ་མཁྱེན་འཇིགས་མེད་གླི་པས།
དོན་བྱེད་ནུས་པ་གང་ཡིན་དེ་འདིར་ནི། །
དོན་དམ་ཡོད་མིན་གཞན་ནི་ཀུན་རྫོབ་ཡོད།།
དེ་ལ་རང་སྤྱིའི་མཚན་ཉིད་ཀྱིས་བཤད་པ།།
མདོ་སྡེ་པའི་ལུགས་ངོ་བོ་རྟོག་གེར་ཐུན།།

ཞེས་དང་མཁན་པོ་ཡོན་ཏན་རྒྱ་མཚོའི་ཡོན་ཏན་མཛོད་འགྲེལ་ལས།
བདེན་ཞེན་གྱི་ངོས་ནས་ཕྱི་དོན་དང་རང་རིག་གཉིས་ཀ་ཁས་ལེན་པའི་ཐེག་དམན་གྱི་གྲུབ་མཐའ་བརྗོད་པ་ལ་ཞུགས་པའི་གང་ཟག་དེ་མདོ་སྡེ་པའི་མཚན་ཉིད་དེ།

ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་གང་ཞིག་རང་རིག་ཁས་ལེན་པ་མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་མཚན་ཉིད།

དེ་ལ་དབྱེ་ན།
༡ ལུང་གི་རྗེས་འབྲངས།
༢ རིགས་པའི་རྗེས་འབྲངས།

((དེ་དག་གི་བདེན་གཉིས་འདོད་ཚུལ།))

༡ ལུང་གི་རྗེས་འབྲངས་ཀྱི་བདེན་གཉིས་འདོདཚུལ་ནི་གོང་གི་བྱེ་བྲག་སྨྲ་བའི་བདེན་གཉིས་འདོད་ཚུལ་དང་མཚུངས་།

༢ རིགས་པའི་རྗེས་འབྲངས་ཀྱི་བདེན་གཉིས་ཀྱི་རྣམ་གཞག་ནི།
རྣམ་འགྲེལ་ལེའུ་གསུམ་པ་ལས།
དོན་དམ་དོན་བྱེད་ནུས་པ་གང།།
དེ་འདིར་དོན་དམ་ཡོད་པ་ཡིན།།
གཞན་ནི་ཀུན་རྫོབ་ཡོད་པ་སྟེ།།
དེ་དག་རང་སྤྱིའི་མཚན་ཉིད་བཤད།།
ཅེས་པ་ལྟར།

ཀུ་རྫོབ་བདེན་པ།
དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས་ཀུ་རྫོབ་བདེན་པའི་མཚན་ཉིད།
དཔེར་ན། ནམ་མཁའ་ལྟ་བུ།

དོན་དམ་བདེན་པ།
དོན་དམ་པར་དོན་བྱེད་ནུས་པའི་ཆོས་དོན་དམ་བདེན་པའི་མཚན་ཉིད།
དཔེར་ན། ཀ་བ་ལྟ་བུ།

༡))ཕམ་པའི་མཚན་ཉིད།[མཚོ་ཊཱིཀ་ཉི་མའི་འོད་ཟེར་ལས།]= བསྙེན་རྫོགས་ཀྱི་བཅས་པ་ལས་འདས་པའི་ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཞིང་རང་གི་...
26/11/2023

༡))ཕམ་པའི་མཚན་ཉིད།
[མཚོ་ཊཱིཀ་ཉི་མའི་འོད་ཟེར་ལས།]= བསྙེན་རྫོགས་ཀྱི་བཅས་པ་ལས་འདས་པའི་ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཞིང་རང་གི་ངོ་བོའི་ཆ་ནས་དགེ་འདུན་ལྷག་མ་མན་ཆད་ལ་ལྟོས་ནས་ཆད་པ་ལྕིར་རུང་དང་ལྡན་པའོ།

[ སྡོམ་གསུམ་དཔག་བསམ་སྙེ་མ་ལས]=བསྙེན་པར་རྫོགས་པའི་རྒྱུད་ཀྱི་བཅས་འགལ་གྱི་ལྟུང་བ་གང་ཞིག། རང་གི་དག་བྱེད་བསླབ་པ་བྱིན་ནས་སྤྱོད་པའི་རིགས་གནས།

༢))ཕམ་པ་བཞི།
༡ མི་ཚངས་སྤྱོད་པ།
༢ མ་བྱིན་ལེན་པ།
༣ སྲོག་གཅོད་པ།
༤ རྫུན་སྨྲ་བ།

དེ་དག་གི་གླེང་གཞི་དང་ཇི་ལྟར་ཉམས་ཚུལ་རྒྱས་བསྡུས་ཚམ་པོ་ཞིག་གཤམ་ནས་མར་བཤད་པ་ལ།

དང་པོ། མི་ཚངས་སྤྱོད་ཀྱི་ཕམ་པ།

༡ གླེང་གཞི་།

དེ་ཡང་སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་ནས་ལོ་བཅུ་གསུམ་པ་ལ་ཡུལ་ཀ་ལན་ད་ཀ་ན་གནས་པའི་གྲོང་ན་བཞུགས་སོ།

དེ་ཡི་ཚེ་ན་རྒྱུ་ནོར་སོགས་ལ་ཧ་ཅང་ཕྱུག་པའི་ཁྱིམ་ཞིག་ན་བཟང་བྱིན་ཞེས་པ་ཞིག་ཡོད་པ་དང། དེ་ཡང་རབ་ཏུ་བྱུང་ནས་གནས་པའོ། དེ་ནས་ཁྱིམ་དེ་ལ་བུ་བཟང་བྱིན་གཅིག་ལས་གཞན་མེད་སྟབས། དེའི་མས། བུ་ཁྱོད་ཀྱི་ཁྱིམ་དུ་ཕ་མའི་ནོར་རྒྱ་ཆེན་པོ་ཡོད་པ་ལ། བདག་ཅག་བཟའ་བྲན་རྒས་ཏེ་ཤི་བར་གྱུར་ན་ནོར་ཀུན་ཀྱང་རྒྱལ་པོས་ནོར་དུ་འགྱུར་པས། ཁྱོད་སླར་འབབས་སུ་མི་རུང་ནའང། འུ་ཅག་ལ་ས་བོན་བུའམ་བུ་མོ་གང་རུང་ཞིག་ཞོག་ཅིག་བཅས་སྨྲས་སོ། དེ་ནས་སྐབས་དེར་མི་ཚངས་སྤྱོད་པའི་བཅས་པ་སོགས་མེད་པས། དགེ་སློང་བཟང་བྱིན་གྱིས་ཀྱང་དེ་ལྟར་བྱས་ན་གྲིག་སྙམ་ནས།
སྔར་གྱི་ཆུང་མ་ཟླ་མཚན་ལྡན་ཞིང་དུས་ལ་བབ་པ་གསེར་དངུལ་སོགས་རྒྱན་་གྱིས་བརྒྱན་ཏེ་མས་ཁྲིད་འོང་བ་དང། དེས་ཀྱང་སྤྱད་དོ། དེ་ནས་དུས་ཡུན་མི་རིང་བ་ཞིག་ན། རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས། དུས་གསུམ་གྱི་ཉེས་པ་བཤད་པས། བཟང་བྱིན་གྱིས་རང་གིས་སྔར་གང་བྱས་པ་རྣམས་ཉེས་པ་ཡིན་པ་དྲན་ནས་འགྱོད་ཅིང་མི་དགའ་བ་ལ། ཉེ་འཁོར་དུ་ཡོད་པའིདགེ་སློང་གཞན་རྣམས་ཀྱིས་དྲིས་པས། དེས་ཀྱང་སྔར་བྱུང་བ་རྣམས་དྲང་པོར་སྨྲས་སོ། དེ་ནས་དགེ་སློང་དེ་དག་གིས་སངས་རྒྱས་ལ་གསོལ་བས་། བཟང་བྱིན་ལ་རྣམ་པ་དུ་མས་སྨད་ནས་སྐབས་དེར་རྒྱལ་བས་མི་ཚངས་སྤྱོད་པའི་ཕམ་པ་ཡི་བླང་དོར་རྣམས་ལེགས་པར་གསུངས་ནས། མི་ཚངས་སྤྱོད་པའི་བཅས་པ་དེ་མཛད་པའོ།

མ་ཟད་ཕམ་པ་བཞིའི་ནང་ནས་མི་ཚངས་སྤྱོད་ཀྱི་ཕམ་པ་དེ་ཡང་ཐོག་མ་མཛད་དོ།

ཇི་ལྟར་མི་ཚངས་སྤྱོད་ཀྱི་བསླབ་པ་ཉམས་ཚུལ།

སྡོམ་ཅན་འདུ་ཤེས་ཉམས་པ་མེད་པའི་གང་ཟག་གི་སེམས་ཀྱིས། ཉམས་པ་གང་ཡང་མེད་པའི་སྒོ་གསུམ་[ ༡ གཤང་ལམ། ༢ ཁ། ༣ ཆུ་ལམ།] དུ་བཅོས་མིན་གྱི་ཆགས་པས་རང་གི་ལས་སུ་རུང་བའི་ནོར་བུ་ཡི་སྤགས་སྦུབས་སོ་ལས་རྩེ་མོ་ཙམ་ཡང་ནང་དུ་འདས་ཏེ་མཐར་ཐུག་རེག་པའི་དགའ་བ་ལུས་དང་སེམས་ཀྱིས་འཚོར་ཞིང་ཡིད་ཀྱིས་དང་དུ་བླངས་ན་མི་ཚངས་སྤྱོད་ཀྱི་ཕམ་པ་བྱུང་བས་བརྟུལ་ཞུགས་ཉམས་ཏེ་ཕམ་པར་འགྱུརརོ།
དེ་ཡང་ཀཱ་རི་ཀའི་རྩ་བ་ལས།
སྡོམ་ཅན་ཉམས་པ་མེད་སེམས་ཀྱིས།།
ཉམས་པ་མེད་པའི་སྒོ་གསུམ་དུ།།
ཆགས་པས་ནོར་བུ་ནང་དུ་འདས།།
དགའ་བ་འཚོར་ན་བརྟུལ་ཞུགས་ཉམས།།
ཞེསགསུངས་པ་དང། ས་གའི་ལྷས།
ཁ་ཤུན་སོ་དང་ལྤགས་པ་ལས།།
ནོར་བུ་འདས་ན་ཕས་ཕམ་སྟེ།

ཞེས་གསུངསསོ། མདོར་ན་ཡན་ལག་བཞི་[གཞི་ བསམ་པ སྦྱོར་བ་་མཐར་ཐུག] ཚང་བའི་སྒོ་ནས་ཉམས་པ་མེད་པའི་སྒོ་གསུམ་གང་རུང་ལ་སྤྱད་ན་མི་ཚངས་སྤྱོད་པའི་ཕམ་པ་དངོས་གཞིར་འགྱུར་རོ།

ཡན་ལག་བཞི་ཚང་ཚུལ།

༡) གཞིའམ་ཡུལ།
ཉམས་པ་མེད་པའི་སྒོ་གསུམ་གང་རུང་ལ།
༢) བསམ་པ།
ངོ་ཚ་དང་སྟོན་པ་དང་བསྟན་པ་ལ་འཇིགས་སྐྲག་མེད་ཅིང་ཆགས་པར་གྱུར་པས་ཀུན་སློང་ཉམས་སུ་མྱོང་འདོད་ཀྱིས།
༣) སྦྱོར་བ།
བརྟེན་བྱར་སྩལ་ཞིང་དྲུད་པས།
༤) མཐར་ཐུག་
ལམ་གསུམ་གྱི་མཚམས་ལས་འདས་ནས་སིམ་པ་ཐོབ་སྟེ། བདེ་བ་ལུས་ཀྱིས་མྱོང་ཞིང་ཡིད་ཀྱིས་བདག་གིར་བྱས་པའོ།།

དེ་ཡང་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱི་སྡོམ་གསུམ་རྩ་བ་ལས།

གཞི་ཡི་ཡན་ལག་ཆ་ཀུན་གཟུང་འོས་པ།།
སྐྱེ་གནས་ལམ་དུ་ཕོ་དབང་ལས་རུང་ནི།། བསམ་པ་ངོ་ཚ་འཇིགས་མེད་ཆགས་སེམས་ཀྱིས།།
སྦྱོར་བ་དྲུད་པ་མཐར་ཐུག་སིམ་པ་ཐོབ།།
དེ་ནི་ཚངས་པར་སྤྱོད་ལས་རྣམས་པར་ཉམས།།

ཞེས་སོ

Part 2 coming soon 👋,😄✌️

Address

Golden Temple Namdroling Monastery
Kushalnagar

Telephone

+917019098635

Website

Alerts

Be the first to know and let us send you an email when DOLPA BOYZ posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share