03/06/2025
༼ངེའི་ཕོ་དཔའ་བོ༽
ཕྱི་ལས་མཇལ་ན་གང་ཟག་དང་མཉམ་རུང་།།
ནང་ལས་དཔྱད་ན་ས་ཐོབ་བྱང་སེམས་འདྲ།།
དཔའ་མཛངས་དེས་གསུམ་ལྡན་པའི་དབུ་འཛིན་མཆོག།
ཐ་མལ་རང་གི་སྒོ་གསུམ་གུས་པས་འདུད།།
བྱམས་བརྩེ་ཚད་མེད་སློབ་དཔོན་ཚུ་ལུ་བསྐྱེད།།
བཀའ་སློབ་བྱིན་ཅན་སློབ་ཕྲུག་ཚུ་ལུ་གནང་།།
ཕམ་ལས་ལྷག་སྟེ་འདུ་ཤེས་བསྐྱེད་མི་འདི།།
ཤ་གཟུགས་སྐམ་རུང་སེམས་ལས་བརྗེད་མི་མྱོང་།།
གྱོན་པའི་གོས་དང་བཟའ་བའི་ཟས་ལས་བཅད།།
ཉལ་བའི་གཉིད་དང་དུས་ཚོད་དམིགས་སུ་བཀར།།
སློབ་གྲྭ་སྐད་ཅན་ཅིག་ལུ་བསྒྱུར་གནང་སྟེ།།
འཛམ་གླིང་སྐལ་པ་ནུབ་རུང་མིང་མི་ཡལ།།
སྒྲིག་ལམ་ཆོས་གསུམ་ར་བ་ཚུ་གིས་སྐོར།།
ནང་དོན་མེ་ཏོག་སློབ་ཕྲུག་རྒྱུད་ལུ་ཤར།།
སྦྲང་རྩི་ཉིན་མཚན་མེད་པར་ལེན་མི་འདི།།
འཇམ་དབྱངས་སྐུ་དངོས་བཞུགས་པའི་བཀའ་དྲིན་ཨིན།།
བཀའ་དྲིན་བསམ་ན་མཐའ་ཡས་རྒྱ་མཚོ་ཙམ།།
མཛད་བྱ་བཤད་ན་ནམ་མཁའི་མཐའ་ལས་འདས།།
བསྟོད་པའི་ཚིག་གི་ཡི་གུ་བྲི་བ་ཅིན།།
རྒྱ་ཤུག་སྟོང་འབད་ཡོད་རུང་ལང་མི་ཚུགས།།
ཁྱེད་ཀྱི་མཚན་སྙན་འོད་བཟུམ་འཆར་བར་ཤོག།
སྐུ་ཚེ་ཚེ་དཔག་མེད་དང་མཉམ་པར་ཤོག།
གདུལ་བྱ་མ་རིག་རྨོངས་པའི་སློབ་ཕྲུག་ཚུ།།
མ་འོངས་ཁྱེད་ཀྱི་འཁོར་འབད་སྐྱེ་བར་ཤོག།
རང་ཟླ་ ༣ པའི་ དབྱིན་ཚེས་ ༢༥ རེས་གཟའ་ཟླ་བ་ ལུ་ སློབ་དབུ་འཛིན་མཆོག་ གནས་སོར་བྱོན་པའི་སྐབས་ སེམས་ཀྱི་བཟོད་མ་ཚུགས་པའི་དཀའ་སྡུག་གི་ སྔུལ་ནག་གི་ཆུ་འདི་ཡི་གུ་ལུ་འགྱུར་འདི་ བྲིས་པའོ།།
རྩོམ་པ་པོ་སློབ་ཡོན་ཏན་རྒྱ་མཚོ།